སློབ་གཉེར་བ་རྣམས་ཀྱིས་གཞུང་ཆེན་རྣམས་ལ་སློབ་གཉེར་གནང་སྐོར།
ལོ་གཅིག་ཙམ་ནས་སྐྱབས་རྗེ་མཁན་རིན་པོ་ཆེ་ནས་རྩོད་རྒྱུགས་བཞེས་ཏེ། རིགས་ལམ་ཆགས་ཟིན་པ་མཚན་ཐོ་བཀོད་པ་དེ་རྟགས་རིགས་འཛིན་གྲྭར་སྤར་གནང་གི་ཡོད། དེ་ཁོངས་ནས་རིགས་ལམ་རྩེ་ཕུད་ཞིག་སྐྱོར་དཔོན་བསྐོས་ནས་དེ་ནས་རྟགས་གསལ་དྲག་རིམ་ཁག་གཅིག་ལ་མིང་གི་ཨང་རིམ་ཞིག་གནང་གི་ཡོད། །རྟགས་རིགས་འཛིན་གྲྭ་ནས། དགེ་བཤེས་ཚུལ་ཁྲིམས་རྣམ་རྒྱལ་གྱིས་མཛད་པའི་རྟགས་རིགས་བློ་འཛིན། རྣམ་འགྲེལ་རྩ་བ་དང་། པཎ་ཆེན་བསོད་ནམས་གྲགས་པའི་གསུང་རྣམ་འགྲེལ་དགོངས་པ་རབ་གསལ། རང་རང་གི་དབང་པོ་རབ་འབྲིང་ལ་དཔག་སྟེ་བློ་འཛིན་དང་རྒན་སར་དཔེ་ཁྲིད་ཞུས་ཏེ། ཆོས་རར་འགྲིམས་ནས་རིགས་པས་བརྡར་ཤ་ཞིབ་པར་དཔྱོད་ཀྱི་ཡོད། རྟགས་རིགས་འཛིན་གྲྭའི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོ་རྒྱུགས་ཚད་ལོན་ནས་གཞུང་གསར་འཛིན་གྲྭར་འཕར་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མངོན་པར་རྟོགས་པའི་རྒྱན་འགྲེལ་པ་དང་བཅས་ལ་སློབ་གཉེར་བྱ་དགོས། དེ་ཡང་མི་ལོ་ཧྲིལ་པོ་བདུན་ཙམ་གྱི་རིང་ལ་རྒྱལ་བ་བྱམས་པས་མཛད་པའི་བྱམས་ཆོས་སྡེ་ལྔ། འཕགས་པ་ཐོགས་མེད་ཀྱིས་མཛད་པའི་ས་སྡེ་ལྔ་སྡོམ་རྣམ་གཉིས་དང་། འགྲེལ་པ་དོན་གསལ་གཙོ་བོར་གྱུར་པའི་འཕགས་ཡུལ་པཎྜི་ཏ་རྣམས་ཀྱི་འགྲེལ་པ་རྣམས་དང་། རྗེ་བདག་ཉིད་ཆེན་པོའི་གསུང་ལེགས་བཤད་གསེར་གྱི་ཕྲེང་བ། ཀུན་གཞི་དཀའ་འགྲེལ། བློ་གསལ་བགྲོད་ པའི་ཐེམ་སྐས། རྒྱལ་ཚབ་ཐམས་ཅད་མཁྱེན་པའི་གསུང་རྣམ་བཤད་སྙིང་པོའི་རྒྱན། མཁས་གྲུབ་རྗེའི་གསུང་རྟོགས་དཀའི་སྣང་བ། མདོ་སྔགས་རབ་འབྱམས་སྨྲ་བ་པཎ་ཆེན་བསོད་ནམས་གྲགས་པའི་གསུང་ཕར་ཕྱིན་སྤྱི་དོན་ཡུམ་དོན་གསལ་བའི་སྒྲོན་མེ། གཞུང་འདི་སློབ་གཉེར་བ་རྣམས་ཀྱིས་གཞུང་ཚན་བློ་འཛིན་བྱེད་དགོས། དེ་བཞིན། མཐའ་དཔྱོད་ཡུམ་དོན་ཡང་གསལ་སྒྲོན་མེ། ཕར་ཕྱིན་རྩ་ཊཱིཀ་ཀུན་བཏུས་དཀའ་འགྲེལ་སོགས་དགེ་བའི་བཤེས་གཉེན་གྱི་དྲུང་ནས་དཔེ་ཁྲིད་ཞུས་ཏེ་ཆོས་རའི་ནང་རྩོད་སྦྱོང་དཔྱིས་ཕྱིན་པར་གནང་བ་དང་ལོ་བདུན་གྱི་ཐ་མར་ཕར་ཕྱིན་རབ་འབྱམས་པའི་ལག་ཁྱེར་ཐོབ་པ་ཡིན། དེ་ནས་ལོ་གསུམ་གྱི་རིང་། དབུ་མ་འཇུག་པ་རང་འགྲེལ་དང་བཅས། དབུ་མ་རྩ་ཤེ་གཙོ་བོར་གྱུར་པའི་རིགས་ཚོགས་རྣམས་དང་། དབུ་མ་ཚིག་གསལ། འགྲེལ་པ་བུད་དྷ་པ་ལི་ཏ། དབུ་མ་རྒྱན་སོགས་འཕགས་ཡུལ་གྱི་མཁས་པ་ཆེན་པོ་རྣམས་ཀྱི་དབུ་མའི་གཞུང་སྤྱི་དང་། ཁྱད་པར་རྗེ་བདག་ཉིད་ཆེན་པོའི་གསུང་། དབུ་མ་དགོངས་པ་རབ་གསལ། རྩ་ཤེའི་ཊིཀ་ཆེན། ལེགས་བཤད་སྙིང་པོ། ལམ་རིམ་ལྷག་མཐོང་ཆེ་ཆུང་གཉིས་སོགས་ལྟ་བའི་སྐོར་གྱི་རྨད་དུ་བྱུང་བའི་ལེགས་བཤད་རྣམས་དང་། མཁས་གྲུབ་རྗེའི་གསུང་དབུ་མ་སྟོང་ཐུག་ཆེན་མོ་སོགས་དབུ་མའི་གཞུང་ཆེན་ཁག་དང་། ལྷག་པར་གྲྭ ཚང་འདི་ཉིད་ཀྱི་ཡིག་ཆ་གཙོ་བོ་མདོ་སྔགས་རབ་འབྱམས་སྨྲ་བ་པཎ་ཆེན་བསོད་ནམས་གྲགས་པའི་གསུང་། དབུ་མའི་སྤྱི་དོན་ཟབ་དོན་གསལ་བའི་སྒྲོན་མེ་དང་། དབུ་མའི་མཐའ་དཔྱོད་དབུ་མ་ལ་འཇུག་པའི་བརྒལ་ལན་ཟབ་དོན་ཡང་གསལ་སྒྲོན་མེ། དབུ་མ་འཇུག་པ་དང་ རྩ་ཤེ། དབུ་མའི་སྤྱི་དོན་བཅས་ནི། སློབ་གཉེར་བ་རྣམས་ཀྱིས་བློ་འཛིན་བྱས་ ཏེ་དཔེ་ཁྲིད་ཞུས་ནས་ཆོས་ར་འགྲིམས་ཤིང་། བརྒལ་བརྟགས་ཀྱིས་ལེགས་པར་གཏན་ལ་ཕབ་སྟེ་སློབ་གཉེར་གནང་ནས་ལོ་རིམ་གསུམ་པའི་རྒྱུགས་སྤྲོད་ལེགས་ཐོན་བྱུང་བ་དང་། དབུ་མ་རབ་འབྱམས་པའི་ལག་ཁྱེར་འཐོབ་ཀྱི་ཡོད། དེའི་རྗེས་ལོ་བཞི་ཡི་རིང་འདུལ་བ་ལུང་སྡེ་བཞི་གཙོ་བོར་གྱུར་པའི་སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པའི་འདུལ་བ་མདོ་རྩ་བ་གཞི་རྐང་དང་། ལས་ཆོག་ཀརྨ་ཤ་ཏམ། སློབ་དཔོན་ཆོས་བཤེས་ཀྱིས་མཛད་པའི་ཊི་ཀླ་རྒྱ་ཆེ་འགྲེལ་སོགས་རྒྱ་གར་མཁས་པས་མཛད་པའི་འདུལ་གཞུང་སྤྱི་དང་། འདུལ་བའི་མངའ་བདག་ཆེན་མོ་ཀུན་མཁྱེན་མཚོ་སྣ་བས་མཛད་པའི་མཚོ་ཊིཀ་ཉི་མའི་འོད་ཟེར། ཐམས་ཅད་མཁྱེན་པ་རྒྱལ་མཆོག་དགེ་འདུན་གྲུབ་པས་མཛད་པའི་འདུལ་བ་རིན་ཆེན་ ཕྲེང་བ། ཁྱད་པར་དུ་མདོ་སྔགས་རབ་འབྱམས་སྨྲ་བ་པཎ་ཆེན་བསོད་ནམས་གྲགས་པ་རྣམ་དཔྱོད་མཆོག་གི་སྡེས་མཛད་པའི་འདུལ་བའི་མཐའ་དཔྱོད་ལུང་ རིགས་ཉི་མ་དང་། དགེ་བཤེས་བློ་བཟང་ཚེ་རིང་མཛད་པའི་དམ་པའི་ཆོས་འདུལ་བ་རྒྱ་མཚོའི་སྙིང་པོ་བསྡུས་པ་ཐར་འདོད་ཡིད་ཀྱི་མུན་སེལ་བློ་འཛིན་དང་། འདུལ་བ་མདོ་རྩ་བ་བློ་འཛིན་གནང་ནས་དཔེ་ཁྲིད་ཞུས་ཏེ་ཆོས་ར་རུ་རྩོད་པ་གནང་ ནས་ལོ་རིམ་བཞི་པའི་རྒྱུགས་སྤྲོད་ལེགས་ཐོན་བྱུང་བ་དང་། འདུལ་བ་རབ་འབྱམས་པའི་ལག་ཁྱེར་ཐོབ་ནས་གྲྭ་ཚང་གི་འཛིན་གྲྭ་ཐོན་པ་དང་འཛིན་དང་པོར་སླེབས། འཛིན་དང་པོ་དང་། གཉིས་པ་དང་གསུམ་པའི་སྐབས་མངོན་པ་མཛོད་ལ་སློབ་གཉེར་གནང་དགོས། ཀུན་མཁྱེན་གཉིས་པ་སློབ་དཔོན་དབྱིག་གཉེན་ གྱིས་མཛད་པའི་མངོན་པ་མཛོད་རང་འགྲེལ་དང་བཅས་པ་དང་། མཆིམས་འཇམ་པའི་དབྱངས་ཀྱིས་མཛད་པའི་མཛོད་འགྲེལ་མངོན་པའི་རྒྱན། རྒྱལ་མཆོག་དགེ་འདུན་གྲུབ་ཀྱིས་མཛད་པའི་མཛོད་འགྲེལ་ཐར་ལམ་གསལ་བྱེད། མདོ་སྔགས་ རབ་འབྱམས་སྨྲ་བ་པཎ་ཆེན་བསོད་ནམས་གྲགས་པ་མཆོག་གིས་མཛད་པའི་མཛོད་འགྲེལ་ཤེས་བྱ་རབ་གསལ་སོགས་ཡིན། མཛོད་རྩ་བ་བློ་འཛིན་བྱས་ཏེ་ གཞུང་ཆེན་དེ་དག་གི་དཔེ་ཁྲིད་ཞུས་ནས་ཆོས་ར་འགྲིམས་ཏེ་བརྒལ་བརྟག་བགྱིས་ཤིང་གཏན་ལ་ཕབ་ཅིང་གསན་བསམ་མཛད་ཀྱི་ཡོད། ལོ་མང་དེ་དག་གི་རིང་ལོ་ལྟར་བཅོ་ལྔའི་ཆོས་ར་གཅིག་དང་འཇང་དགུན་ཆོས་ཀྱི་རིང་ཚད་མའི་གཞུང་ལ་གསན་བསམ་གནང་གི་ཡོད། དེ་ཡང་སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པའི་ཚད་མ་ཀུན་བཏུས་རང་འགྲེལ་དང་བཅས་པ། དཔལ་ཆོས་ཀྱི་གྲགས་པས་མཛད་པའི་ལུས་ལྟ་བུ་བསྟན་བཅོས་གསུམ་དང་། འཕྲོས་པ་ཡན་ལག་ལྟ་བུའི་བསྟན་བཅོས་བཞི་སྟེ་ཚད་མ་སྡེ་བདུན། ཚད་མ་རྣམ་འགྲེལ་ལེའུ་དང་པོའི་རང་འགྲེལ། ལྷ་ཤཀ་གཉིས་ཀྱི་འགྲེལ་པ་ཁག་དང་། རྒྱལ་ཚབ་རྗེས་མཛད་པའི་རྣམ་འགྲེལ་ཐར་ལམ་གསལ་བྱེད། རྣམ་ངེས་ཊིཀ་ཆེན། མཁས་གྲུབ་རྗེས་མཛད་པའི་ཊིཀ་ཆེན་རིགས་པའི་རྒྱ་མཚོ། སྡེ་བདུན་ཡིད་ཀྱི་མུན་སེལ། རྒྱལ་མཆོག་དགེ་འདུན་གྲུབ་པས་མཛད་པའི་ཚད་མ་རིགས་རྒྱན། མདོ་སྔགས་རབ་འབྱམས་སྨྲ་བ་པཎ་ཆེན་བསོད་ནམས་གྲགས་པ་མཆོག་གིས་མཛད་པའི་རྣམ་འགྲེལ་དགོངས་པ་རབ་གསལ་སོགས་ཚད་མའི་གཞུང་ཆེན་དེ་དག་རྩོད་གཞུང་དང་། རྩ་བ་བློ་འཛིན་བྱས་ཏེ་འཛིན་གྲྭ་གཅིག་པ་རེ་རེ་དང་རྩོད་ཟླ་སྒྲིག་ནས་རྩོད་པ་དང་། རྩོད་སྤུངས་བརྒྱབ་པ། དམ་བཅའ་ཚུགས་པ་དང་འཛིན་གྲྭ གོང་འོག་འཐབ་པ་དང་། འཛིན་དང་པོའི་དཔེ་ཁྲིད་སྐབས་མཁས་དབང་མང་པོའི་སྤྱན་སྔར་དོགས་གཅོད་ཞུས་པ། འཛིན་གྲྭ་གཅིག་པ་མང་པོ་མཉམ་དུ་འཛོམས་ནས་དཔེ་ཆ་ཀློག་སྟེ་བཤད་རེས་བཏང་བ་དང་། གཞུང་ཆེན་ཁག་ཀློག་པ་དང་། རྩོད་གཞུང་དང་། རྩ་བ་ཁག་ཆོས་མཚམས་ཁག་ཏུ་ཡང་ཡང་སྐྱོར་སྦྱང་གནང་གི་ཡོད། ཞར་བྱུང་ སློབ་ཚན་ནི། རྒྱལ་རབས་ཆོས་འབྱུང་། སུམ་རྟགས་སྙན་ངག གྲྭ་ཚང་གི་ ཆོས་སྤྱོད་ཁག ཚན་རིག་ཟབ་སྦྱོང་། མི་རིགས་གཞན་གྱི་སྐད་ཡིག་སོགས་རང་རང་གི་བློ་རབ་འབྲིང་ལ་དཔག་སྟེ་བློ་སྦྱོང་གནང་མཁན་ཅི་རིགས་པ་ཞིག་ཡོད།